top of page

ཀརྨ་བསོད་ནམས་དར་རྒྱས་གླིང་ནི་ཁེ་ན་ཌའི་ནང་དུ་ཡོད་པའི་དཔལ་རྒྱལ་བ་བཀའ་བརྒྱུད་པའི་དགོན་པ་ཞིག་ཡིན་ལ།   འདི་ཉིད་ཐོག་མར་༧ དཔལ་རྒྱལ་དབང་ཀརྨ་པ་བཅུ་དྲུག་རིག་པའི་རྡོ་རྗེའི་ཐུགས་དགོངས་དང་ལམ་སྟོན་འོག་ཆོས་རྗེ་བླ་མ་རྣམ་སྲས་རིན་པོ་ཆེས་༡༩༧༦ ལོར་ཆག་བཏབ། བླ་མ་རྣམ་སྲས་རིན་པོ་ཆེས་འཛིན་སྐྱོང་འོག་དགོན་པ་འདི་ཉིད་དར་རྒྱས་དང་སྲ་བརྟན་ངང་གཞུང་ལ་དེབ་སྐྱེལ་སོགས་འགྲོ་ལུགས་ཚད་ལྡན་གྱིས་གལ་འགངས་ཆེ་བའི་ཆོས་རིག་གི་བསྟི་གནས་ཤིག་ཏུ་གྱུར།   བླ་མ་རྣམ་སྲས་རིན་པོ་ཆེ་དགོངས་པ་རྫོགས་རྗེས་ ༢༠༠༩ ལོར་ ༧ དཔལ་རྒྱལ་བའི་དབང་པོ་ ༧ ཀརྨ་པ་སྐུ་ཕྲེང་བཅུ་བདུན་པ་ཨུ་རྒྱན་འཕྲིན་ལས་རྡོ་རྗེ་མཆོག་གི་ཐུགས་དགོངས་ལྟར་བླ་མ་བསྟན་འཛིན་གྲགས་པ་ལགས་ཆོས་རྗེ་བླ་མ་རུ་གསར་དུ་བསྐོ་གཞག་མཛད།
 
ཀརྨ་བསོད་ནམས་དར་རྒྱས་གླིང་ནི་གསང་སྔགས་རྡོ་རྗེ་ཐེག་པའི་དགོན་པ་ཞིག་ཡིན་ལ། དགོན་པ་འདི་རུ་ཉི་མ་དང་གཟའ་འཁོར། ཟླ་བ་སོགས་རིམ་བཞིན་རྒྱུན་ལྡན་ཆོས་ཀྱི་བྱེད་སྒོ་སྣ་ཚོགས་ཡོད་ལ།  དཔེར་ན་གཟའ་མིག་དམར་ནམ་ཡིན་ལ་ཕྱི་དྲོ་ཆུ་ཚོད་བདུན་པ་ནས་ཞི་གནས་འཛིན་གྲྭ་དང་།  གཟའ་སྤེན་པ་ནམ་ཡིན་ལ་ཞོགས་པ་ཆུ་ཚོད་བཅུ་པ་ནས་སྒྲོལ་མའི་མཎྜལ་གཞི་ཆོག ། གཟའ་ཉི་མ་ནམ་ཡིན་ལ་སྔ་དྲོ་ཆུ་ཚོད་བཅུ་པ་ནས་སྒྲོལ་དཀར་དང་བླ་མ་རྒྱང་འབོད། སྤྱན་རས་གཟིགས་ཀྱི་སྒོམ་བཟླས་སོགས་དང་།  ཟླ་བ་རེ་བཞིན་སངས་རྒྱས་སྨན་བླའི་ཆོ་ག་དང་གཅོད་ལུས་སྤྱིན།  མགོན་པོ་དང་ཀརྨ་པཀྴིའི་བླ་སྒྲུབ། ལོ་རེའི་སྒྲུབ་མཆོད་རྡོ་རྗེ་ཕུར་པའི་སྒྲུབ་མཆོད་དང་འོད་ཆོག །དཀོན་མཆོག་སྤྱི་འདུས་སོགས་ཆད་མེད་དུ་ཚོགས་ཀྱི་ཡོད།

ད་དུང་དམིགས་བསལ་ཀརྨ་བསོད་ནམས་དར་རྒྱས་གླིང་གིས་གོ་སྒྲིག་འོག་ལོ་ལྟར་སྤྱི་ཟླ་དྲུག་པའི་ཟླ་མཇུག་ལ། གངས་ལྗོངས་ཆོས་ལྡན་གླིང་དུ་དགེ་འདུན་པ་དང་མི་མང་ཕོན་ཆེན་མཉམ་ཞུགས་ཀྱིས་ཁེ་ན་ཌ་འཛམ་གླིང་ཞི་བདེ་བཀའ་བརྒྱུད་སྨོན་ལམ་ཆེན་མོ་ཚོགས་པ་དང་། སྨོན་ལམ་གྱི་ཉིན་མཐའ་མར་ཉིན་ ༸ དཔལ་རྒྱལ་བའི་དབང་པོ་ཀརྨ་པ་མཆོག་གི་འཁྲུངས་སྐར་དུས་ཆེན་སྲུང་བརྩི་བྱེད་གི་ཡོད་རེད།

ཀརྨ་བསོད་ནམས་དར་རྒྱས་གླིང་དུ་དུས་ལྟར་ཆོས་རྗེ་བླ་མ་བསྟན་འཛིན་གྲགས་པ་ལགས་ཀྱིས་ཆོས་ཀྱི་འཁོར་ལོ་བསྐོར་དང་སྐོར་མུས་རེད་ལ། དམིགས་བསལ་ད་བར་འདི་རུ་ཞབས་ཀྱིས་བཅགས་ནས་གསུངས་ཆོས་གནང་མཁན་ ༧ ས་སྐྱ་ཁྲི་འཛིན་ཞེ་གཉིས་པ་མཆོག་དང་ ༧ སྐྱབས་རྗེ་ཡོངས་འཛིན་གླིང་རིན་པོ་ཆེ།
༧ སྐྱབས་རྗེ་ཡོངས་དགེ་མི་འགྱུར་རིན་པོ་ཆེ་དང་མཁའ་འགྲོ་རིན་པོ་ཆེ། མཁན་ཆེན་ཚུལ་ཁྲིམས་བློ་གྲོས་རིན་པོ་ཆེ་མཆོག་དང་མཁན་ཆེན་ཚུལ་རྣམ་རིན་པོ་ཆེ་སོགས་བླ་སྤྲུལ་གང་མང་བྱུང་བ་རེད། 

ཉིས་སྟོང་བཅུ་བདུན་ལོར་ཀརྨ་བསོད་ནམས་དར་རྒྱས་གླིང་གཙོས་པའི་ཁེ་ན་ཌ་རུ་ཡོད་པའི་ཀརྨ་བཀའ་བརྒྱུད་ཀྱི་དགོན་པ་དང་ཆོས་ཚོགས་ཁག་མཉམ་འབྲེལ་གྱིས་ ༧ དཔལ་རྒྱལ་བའི་དབང་པོ་ཀརྨ་པ་མཆོག་ཐེངས་དང་པོར་ཁེ་ན་ཌ་རུ་གདན་འདྲེན་ཞུས་པར་མ་ཟད།  གངས་ལྗོངས་ཆོས་ལྡན་གླིང་དང་ཁྲོ་རོན་ཁྲོ་སློབ་གྲྭ་ཆེན་མོ་གཙོས་པའི་ས་གནས་འདྲ་མིན་རུ་མཛད་རིམ་སྣ་ཚོགས་གོ་བསྒྲིགས་བྱས་ནས་མི་མང་ཁྲི་ཚོ་བརྒལ་བ་ལ་ཆོས་ཀྱི་ནོར་བསྐལ་ཐོབ་པ་བྱུང་ཡོད།    སླར་ཡང་ཀརྨ་བསོད་ནམས་དར་རྒྱས་གླིང་གིས་གོ་བསྒྲིགས་འོག་ ༢༠༡༩ ལོར་ ༧ དཔལ་རྒྱལ་དབང་ཀརྨ་མཆོག་གི་མདུན་ནས་མི་བཞི་སྟོང་ལྷག་ཙམ་ལ་དྲྭ་ལམ་བརྒྱུད་ཅིང་། ཉིན་གསུམ་གྱི་རིང་སྤྱན་རས་གཟིགས་ཀྱི་སྒོམ་བཟླས་འགྲོ་དོན་མཁའ་ཁྱབ་མའི་བཀའ་ཆོས་ཐོབ་པ་བྱུང་བ་དང་། མ་འོངས་པ་ཡང་༧ རྒྱལ་དབང་མཆོག་བསྐྱར་དུ་ཁེ་ན་ཌ་རུ་ཕེབས་ཐུབ་པའི་རེ་སྨོན་ཡོད།

ཀརྨ་བསོད་ནམས་དར་རྒྱས་གླིང་གི་ལས་གཞི་སྣ་ཚོགས་ཡོད་པའི་ནང་ནས་བོད་ནང་དུ་སྨན་བཅོས་ཀྱི་དཀའ་ངལ་ཆེ་སའི་ས་ཁུལ་དུ་སྨན་ཁང་བརྒྱབ་ནས་འགྲོ་སོང་བཏང་དང་གཏོང་བཞིན་པ་ཡིན།

བོད་ཀྱི་ཆོས་རིག་རྒྱུན་འཛིན་སླད་དུ་ཀརྨ་བསོད་ནམས་དར་རྒྱས་གླིང་གིས་ཟླ་བ་གཉིས་རིང་དབྱར་ཁའི་བོད་ཀྱི་སྐད་ཡིག་འཛིན་གྲྭ་བཙུགས་ནས་ད་བར་ལོ་ངོ་བརྒྱད་ཙམ་ཕྱིན་པ་རེད།  ལོ་ལྟར་ཕྲུ་གུ་བརྒྱད་བཅུ་ལྷག་ཙམ་ཆད་མེད་བྱུང་བ་དང་། ཕྲུ་གུ་ཚོས་ཆོས་ཕྱོགས་ནས་སྒོམ་དང་ཞལ་འདོན་སོགས་དང་། རིག་གཞུང་ཕྱོགས་ནས་སྐད་ཡིག་གཉིས་དང་ཞབས་བྲོ་སོགས་བསླབ་ཀྱི་ཡོད་རེད།  ད་བར་ས་གནས་བོད་རིགས་ཚོས་རྒྱབ་སྐྱོར་ཧ་ཅང་ཡག་པོ་བྱས་སོང་ལ་མ་འོངས་པར་ཡང་སྔར་བཞིན་གནང་བའི་རེ་བསྐུལ་ཞུ།

 

གཞན་ཡང་ཀརྨ་བསོད་ནམས་དར་རྒྱས་གླིང་གི་གལ་ཆེ་བའི་ལས་གཞི་གཞན་ཞིག་ནི་བོད་ཀྱི་སྲོལ་རྒྱུན་ལྟར་ད་ཡོད་དགོན་ས་རང་དུ་ལྷ་ཁང་གསར་རྒྱག་གི་ལས་གཞི་དེ་རེད་ལ། ལོ་མང་པོའི་རིང་འབྲེལ་ཡོད་ས་གནས་ལས་ཁུང་ཁག་ནས་ཆོག་མཆན་ཞུས་པ་སོགས་སྔོན་འགྲོའི་ལས་གཞི་ཁག་ཧ་ལམ་གྲུབ་ཟིན་པ་ལྟ་བུ་ཡིན་ལ།  མ་འོངས་པར་ཆོས་རིག་གི་བསྟི་གནས་དང་ས་གནས་མི་མང་ཚོར་ཕན་ཐོགས་ཆེན་པོ་ཅན་ཞིག་བཞེངས་བསྐྲུན་ཐུབ་པའི་རེ་བ་ཞུ་གི་ཡོད། 
 

གོང་འཁོད་ལས་འཆར་ཞེས་པའི་ནང་དུ་ཕེབས་ན་དགོན་པ་གསར་རྒྱག་གི་ལས་གཞི་དང་། བོད་ནང་གི་སྨན་ཁང་། དབྱར་ཁའི་བོད་ཀྱི་སྐད་ཡིག་འཛིན་གྲྭ་སོགས་ལ་ཞལ་འདེབས་རྒྱག་ས་དང་ཞལ་འདེབས་ཇི་ལྟར་རྒྱག་དགོས་མིན་སོགས་ཆ་ཚང་ཡོད།

ཀརྨ་བསོད་ནམས་དར་རྒྱས་གླིང་གིས་མུ་མཐུད་མི་རིགས་དབྱེར་མེད་སུ་ཞིག་གིས་བོད་ཀྱི་ཆོས་རིག་ལ་སློབ་འདོད་ཡོད་ན་མཐུན་རྐྱེན་གང་ཐོབ་སྦྱར་བ་དང།  དམིགས་བསལ་བོད་རིགས་ཚོས་རང་ཉིད་ཀྱི་ཆོས་དང་རིག་གཞུང་བདག་གཅེས་ཐུབ་ཡ་ལ་ཤུགས་སྣོན་རྒྱག་གི་ཡོད།  ལྷག་པར་དུ་ས་གནས་བོད་རིགས་ཚོ་འདུ་འཛོམས་བྱེད་ཡ་དང་ཚོགས་པ་འཚོགས་ཡ་སོགས་ཀྱི་ཆེད་དུ་ཁོར་ཡུག་བསྐྲུན་གྱི་ཡོད།  འདིར་བཞུགས་ཀྱི་དགེ་འདུན་པ་རྣམས་མང་ཚོགས་ཀྱི་ཁྱིམ་དུ་ཕར་ཕེབས་ནས་རིམ་གྲོ་དང་གཤིན་ཆོག་སོགས་མཛད་དང་མཛད་བཞིན་པ་རེད།


ཀརྨ་བསོད་ནམས་དར་རྒྱས་གླིང་གི་མཛད་རིམ་དང་ལས་འཆར་ཁག་ནི་མཆོད་འབུལ་དང་ཞལ་འདེབས་ཁོ་ནས་བྱུང་བ་ཤ་སྟག་རེད་ལ། མ་འོངས་པར་རྣམ་པ་ཚོས་མུ་མཐུད་ནས་རོགས་སྐྱོར་བྱེད་རྒྱུ་ནི་ལས་འཆར་ཁག་ལམ་ལྷོང་འབྱུང་བའི་རྒྱུ་རྐྱེན་ཡིན་ན་རྣམ་པ་ཚོས་གང་ཐུབ་བྱེད་པའི་རེ་བསྐུལ་དང་། ལྷག་དོན་དུ་དགོན་པའི་ཚོགས་མིའི་ཁོངས་སུ་འཛུལ་ཞུགས་ཀྱིས་ཟླ་རེ་བཞིན་ཚོགས་དངུལ་ཅུང་ཟད་རེ་སྤྲད་ཐུབ་ན་རྒྱ་མཚོའི་ཐིགས་པ་བཞིན་ཕན་ཐོགས་ངེས་ཅན་ཡོང་ས་རེད།  འདིའི་སྐོར་ཞིབ་ཕྲ་མཁྱེན་འདོད་ན་གོང་གི་ཚོགས་མི་ཞེས་པའི་ནང་དུ་ཕེབས་ནས་གཟིགས་རོགས།  ཐུགས་རྗེ་ཆེ།
 

bottom of page